༄༅།།རྒྱ་ཚས་བུ་དགྲ་ལྷ་རྩེ་རྒྱལ་ལ་གླུ་ལེན་བླངས་པ།

来源:四川日报
发布时间:2025/08/14

གླུ་ཐ་ལ་ལ་མོ་ཐ་ལ་རེད། །
ཐ་ལ་ནི་ཐ་ལ་ཐ་ལ་རེད། །
གླུ་རེ་རེ་མི་ལེན་ཀ་མེད་རེད། །
རེ་རེ་མ་བླངས་ཚོད་ཡོད་རེད། །
སྐྱིད་ན་ཇ་ཆང་མཚར་གླུ་རེད། །
སྡུག་ན་རང་སེམས་གསོ་བ་རེད། །
ས་འདིའི་ས་ངོ་མ་ཤེས་ན། །
སྐུ་མཁར་དངུལ་ཆུ་ཁྲོ་རྫོང་རེད། །
ང་འདྲ་ང་ངོ་མ་ཤེས་ན། །
འབུམ་པའི་དུང་ཟླ་དཀར་པོ་ཡིན། །
ཨ་ཕའི་དགྲ་ལྷ་རྩེ་རྒྱལ་ཉོན། །
ཡུམ་ཆེན་རག་བཟའ་དགེ་མཚོས་ཉོན། །
གཏམ་ལན་མང་པོ་བྱེད་ལོང་མེད། །
ཁ་མང་གླ་བོ་བྱེད་ཚོད་མེད། །
འཇིག་རྟེན་བོད་ཀྱི་ས་ཆ་ན། །
ནམ་བཞག་གཏམ་ལ་ཕན་ངེས་པའི། །
དམ་པའི་ཆོས་དང་མ་མཇལ་ན། །
ཕོ་དཔའ་བོ་འཆི་ས་དགྲ་ལ་ཡིན། །
དེ་མིན་སྟག་ཤར་གཞོན་པའི་ལུས། །
ཁྱིམ་དོག་མོའི་ཕུག་ན་རྒས་པ་ཕངས། །
གཡེར་ཆེན་གཏམ་ལ་ཕན་ངེས་པའི། །
མགྱོགས་ཐག་ཆོད་རྩེ་མོ་མ་བླངས་ན། །
རྟ་འདོ་བ་རྒྱུག་ས་དགྲ་ལ་བྱེད། །
དེ་མིན་གྱི་ལིང་འཕུར་ཤེས་ལུས། །
བཟའ་བྲེས་གདང་ལ་རྒས་པ་ཕངས། །
རྩལ་ཆེན་པོའི་མཐེབ་ལ་འཕེན་ངེས་པའི། །
འཕུལ་ཡང་དག་གི་མིང་གཅིག་མ་བླངས་ན། །
མདའ་ཉག་ཕྲན་གཏད་ས་འབེན་ལ་བྱེད། །
དེ་མིན་པའི་མཚལ་དམར་རྒོད་སྒྲོ་མ། །
ལོགས་དོང་བའི་ནང་ལ་རྒས་པ་ཕངས། །
རུ་ཁྲ་བོའི་དཔུང་ལ་མཁོ་ངེས་པའི། །
ངར་མའི་ས་ཁ་མ་བླངས་ན། །
རྣོ་སྐྱ་ཁྲའི་གཡུག་ས་དགྲ་ལ་བྱེད། །
དེ་མིན་པའི་རལ་གྲི་རྡོ་ཆོད་དེ། །
མཚོན་ཤུབས་ཁྲའི་ནང་དུ་རྒས་པ་ཕངས། །
འཛམ་གླིང་བདེ་ལ་ཕན་ངེས་པའི། །
གླིང་དཀར་ཕ་ཆོས་མ་ཟིན་ན། །
ཞལ་ལུ་ཤི་ས་ཧོར་ལ་བྱེད། །
དེ་མིན་མིང་ཆེན་དཔའ་བོའི་ལུས། །
མཁར་ཆུང་དཀྱིལ་ན་རྒས་པ་ཕངས། །
སེང་ཆེན་ནོར་བུ་དགྲ་འདུལ་ཁོང་། །
ཁམས་གསུམ་ཁ་ལོ་བསྒྱུར་བའི་དཔོན། །
ཁེར་འགྲོས་བདུད་འདུལ་བྱང་ལ་ཤོར། །
དེ་བསམ་ཞལ་ལུ་གསོན་པ་ལས། །
འཆི་བ་བྱུང་ན་དགའ་ངེས་ཡིན། །
ན་ནིང་དཔྱིད་ནས་ད་ལོའི་དགུན། །
མ་བསྡད་ལག་དམར་ཁྲག་ལ་བསྲེས། །
དེ་བྱས་ངོ་སོ་མི་མཐོང་ཏོ། །
དེ་སྟེང་མ་བཞིའི་ཁྲོ་ཐུང་འདིས། །
བུ་ཚ་བོ་ཚར་ན་སྙིང་ཚིམ་ཞུ། །
མིག་ཁྲ་ཆུང་གནག་ས་ཞལ་དཀར་རེད། །
དེ་ཕྱིར་དཔའ་བརྟུལ་མ་ལུས་ན། །
ཨ་ཁུའི་བློ་ཁ་རྫོགས་ངེས་རེད། །
ངའི་བུ་གཅིག་དགྲ་ལྷ་རྩེ་རྒྱལ་ཁྱོད། །
སྤྱིར་སེང་ཆེན་ཅི་གསུང་དང་ལེན་གྱིས། །
ཁྱད་པར་འཇིག་རྟེན་འཁྲུལ་བའི་ལམ། །
ངེས་པར་དགོས་མེད་བསམ་བློ་ཐོངས། །
མི་ལུས་བརྒྱ་ལ་ལན་གཅིག་ཡིན། །
སྟོང་ལོག་མ་བྱེད་དམ་ཆོས་མཛོད། །
རབ་ཡིན་ན་དབུས་གཙང་ཆོས་གྲྭ་འགྲིམས། །
འབྲེལ་ཚད་དོན་ལྡན་ཨེ་ཡོང་ལྟོས། །
འབྲིང་ཡིན་ན་འབུམ་པའི་ལྷ་རྒྱུད་ཟུངས། །
ཚེ་འདིའི་སྐྱབས་གནས་རེ་ས་ལ། །
འཛམ་གླིང་གེ་སར་ཁོང་ལས་མེད། །
ཕྱི་མའི་ལམ་སྣ་འདྲེན་མི་ལ། །
ཡི་དམ་ཐུགས་རྗེ་ཆེན་པོ་ཞུས། །
ནག་པོ་སྡིག་ལ་ཞེ་ཟོན་གྱིས། །
དཀར་པོ་དགེ་ལ་དེ་བརྩོན་མཛོད། །
མཆོད་དང་སྦྱིན་པ་ལག་ཏུ་ལོངས། །
མ་ནུས་གཉོམ་ཆུང་མཐའ་ནས་སྐྱོངས། །
ཆོས་སྲིད་དཀར་ནག་ཁྲིམས་གཞུང་ཞོག །
ཐ་མ་ཕ་ས་བུ་འཛིན་གྱིས། །
ལྷ་ཁང་མར་མེ་རྒྱུན་མ་གཅོད། །
ལྷ་གཞིས་ཁྲ་མོར་གད་དར་གྱིས། །
ལྷ་སྡེ་དཀར་པོ་སྐྱོང་དར་གྱིས། །
ལྷ་མཁར་བུམ་ཆུང་ཁ་བད་གསོས། །
ལྷ་རྟགས་གསེར་འཕྲུ་ཞལ་ཁ་གསོས། །
ཞལ་དཀར་བཞུགས་དང་ཁྱད་མེད་གྱིས། །
བློ་ཕུགས་སེང་ཆེན་རྗེ་ལ་གཏོད། །
བློ་ཡ་འབུམ་པའི་ཕ་ཁུར་ཞུས། །
གྲོས་ཡ་འདན་མ་སེང་སྟག་གྱིས། །
དཔུང་ཡ་ཉི་འབུམ་དར་འཕེན་བཟང་། །
སྲུང་བ་སྒ་སྡེ་སྔགས་ལ་གྱིས། །
དེ་ཚོ་ལྷ་བུའི་ཡིད་ལ་ཞོག །
ཕ་ཆེན་བུ་མོ་དགེ་མཚོ་མ། །
ཁྲོ་མཁར་གཡང་ར་མཛངས་ཀྱིས་ཟུངས། །
ཉེ་རིང་མེད་པར་འཛུམ་གྱིས་བསུས། །
མཐོ་དམན་མེད་པར་འགྲོགས་ལུགས་གྱིས། །
མི་སེམས་འདོད་པའི་ཟས་ཀྱིས་ཟུངས། །
གཏམ་དང་བྱ་བ་ཉུང་ན་བཟང་། །
ཟས་དང་འགྲོན་པོ་མང་ན་བཟང་། །
དེ་མིན་ཁྲོ་མཁར་ཕྱི་ནང་ལ། །
ནོར་རྫས་ཅི་ཡོད་ཆ་གསུམ་བགོས། །
ཆ་གཅིག་ཨ་ནུའི་ཕྱོགས་ལ་ཐོངས། །
ཞལ་ལུའི་སྡིག་བཤགས་མཛོད་དང་ཞུས། །
ཆ་གཅིག་ལྷ་སྡེ་དཀར་པོར་ཐོངས། །
ཞལ་ལུའི་ཉམས་ཆག་སྐོངས་དང་ཞུས། །
ཆ་གཅིག་མ་བུའི་ཆགས་རྟེན་གྱིས། །
དེ་མིན་དགེ་རྩ་དགོས་རྒྱུ་མེད། །
བློ་ཕུགས་དཀོན་མཆོག་གསུམ་གཏོད། །
བློ་སྣ་དམ་པའི་ཆོས་ལ་སྦྱོར། །
སོ་ནམ་ནག་པོའི་ཞིང་ལ་གྱིས། །
ས་མཐར་ཁྱེར་ཡང་འགྱོད་པ་མེད། །
ལམ་སྣང་རང་གིས་མ་ཟིན་ན། །
མཛུབ་མོ་རི་སྟོན་ཨ་བ་རེ། །
འཕོ་བ་རང་གིས་མ་ཐེབས་ན། །
བེམ་པོའི་སྔས་སྲུང་ཨ་བ་རེ། །
དེ་ཚོ་བསམ་པའི་དཀྱིལ་ལ་ཞོག །
ལ་གཞི་མི་ལུས་རིན་ཆེན་འདི། །
འདུན་མ་ཆོས་ལ་མ་བསྒྲིལ་ན། །
འཁོར་བའི་ལས་ལ་རྒོད་པོ་འདིས། །
ཞལ་ལུའི་སེམས་རྩ་འགྱོད་ཀྱིས་བཟུང་། །
དེ་མིན་པའི་འགྱོད་པ་ལར་ནས་མེད། །
ཁམས་གསུམ་སྣོད་བཅུད་ཐམས་ཅད་པོ། །
མི་རྟག་ཆུ་ཡི་ཝུ་བ་ལ། །
མི་ཚེ་རྟག་པ་ག་ན་ཡོད། །
སེམས་སྡུག་བྱས་ཀྱང་རང་སྡུག་ཡིན། །
བུ་གཅིག་རྩེ་རྒྱལ་མ་བུ་གཉིས། །
ཚེ་མི་འགྱུར་གྲུབ་པའི་རྒྱལ་མོས་སྲུངས། །
ནོར་མི་ཉམས་ཛམ་བྷ་ལ་ཡིས་སྐྱོངས། །
དེ་རིང་ཕ་ལུའི་ཁ་ཆེམས་མཛོད། །
ཕ་བུའི་གསུང་གླིང་ཐ་མ་གྱིས། །
ཕྱི་མ་དག་པའི་ཞིང་ཁམས་ན། །
སྨོན་ལམ་དཀར་པོས་མཚམས་སྦྱར་ནས། །
ཚོམ་བུ་གཅིག་ལ་མཇལ་ངེས་ཡིན། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འབྲེལ་བ་ཞུ། །
བུ་རྩེ་རྒྱལ་ཐུགས་ལ་དེ་ལྟར་ཞོག །