༄༅།།སྔ་དྲོར་ཆད་ཐོ་བརྗེད་པའི་ཕྱི་དྲན།

དྲན་པའི་བབས་སོ་འདི་ཡིས་ཕ་རོལ་ན། །གཡེང་བས་བསླུས་པའི་བརྗེད་ངས་འཁྱམས་པོ་ཞིག །མ་རིག་སེམས་སུ་ཞུགས་ཏེ་ལྐོག་ཤམ་གྱིས། །གསལ་རིག་འདི་ལ་གཏི་མུག་གོས་ཤིག་བསྐོན། །ས་འོག་ཀོང་ལམ་མྱུར་བགྲོད་སྦུབས་ཞུགས་ནས་། །དཔག་ཚད་སྟོང་གིས་ལྷག་པོར་ཚད་རྒལ་བའི། །འབབ་ཚུགས་ཡོལ་བར་དྲན་པའི་གཞུ་རྒྱུད་འདི། །ནང་དུ་བཀུག་པས་ཤེས་བཞིན་མདའ་མོས་ཟིན། །དེ་མ་ཐག་ཏུ་སྨྱོན་པའི་བརྟུལ་ཞུགས་ཀྱིས། །བྲེལ་བའི་མེ་སྟག་སྙིང་ལ་མཆེད་གྱུར་ནས། །རྡུལ་ལྟར་འཚུབས་པའི་མི་ཡི་ཁྲོམ་རྒལ་ཏེ། །ཕྱིར་འབུད་རྐང་ཆུང་མགྱོགས་པའི་རླུང་ཞོན་ཏེ། །ཕྱི་རྗེས་སྙོབ་པའི་འབབ་ཚུགས་འཚོལ་བྱས་ཏེ། །ས་འོག་ལྕགས་ལམ་སྦུབས་སུ་སླར་ཞུགས་པའི། །མ་ཡོལ་དུས་ཚོད་སྐར་ཆ་རེ་ལ་ཡང་། །རིན་ཐང་ལག་ཏུ་མ་སོན་ཐོབ་ཤོར་གྱིས། །རེ་དོག་གཉིས་ཀྱི་བང་ཁ་གཤིབ་པ་འདིས། །ལས་ཀྱིས་བསྣོན་པའི་ཆགས་སྡང་རྨོངས་གསུམ་སློང་། །རྟོག་བཟོས་སྣང་བ་འདི་ཉིད་མ་ཞིག་བར། །སྒྱུ་མའི་ཐང་ལ་སྨིན་རྒྱུའི་རླབས་ཕྲེང་ཕྱུར། །ངས་ཀྱང་ལས་འདིར་བརྩོན་པས་སྤྱད་པ་ཡིས། །ཁྱོད་ཀྱང་དེ་བཞིན་ཤེས་པའི་ལམ་ལ་བཞོལ། །དུས་ལྟར་མ་བརྗེད་དྲན་པའི་ཁྱེར་སོ་ནས། །སྔ་གཞུག་ཐོ་འགོད་ཏིང་ཏིང་མཛུབ་རྩེས་ཁྲོལ། །རང་ངོར་རིག་པ་སྲང་ལ་གཞུར་བྱས་ཏེ། །རྟག་ཏུ་ཤེས་བཞིན་གྲོགས་དང་འགྲོགས་ནས་སུ། །དྲན་མེད་མུན་པའི་གླིང་དུ་མ་མྱུལ་བར། །གསལ་སྣང་རིག་པའི་བུ་ཆུང་སྐྱོང་བར་འཚལ། །ལོ་ཟླས་གྱོང་པའི་ལུས་ཀྱི་ཁང་རྒན་ལ། །བརྗེད་ངས་ཆོམ་པོའི་རྟོག་བཟོ་འཁུ་འཕྲིག་གིས། །དྲན་པའི་ཕ་ས་བཅོམ་པའི་སྙིང་ཁོངས་སུ། །རྒུད་པའི་རྩ་བ་བརྩད་ནས་ཤེས་བཞིན་འཚོལ། །བདེན་དོན་གསལ་བར་རིག་པའི་བབས་དང་བསྟུན། ། གསལ་རིག་ཤེས་པའི་རང་ཞལ་ཅེར་བལྟས་ཀྱིས། །དུས་གསུམ་ནང་གི་ཤེས་བྱའི་སྒོ་ཕྱེས་དང་། །སྟོང་གསལ་ཤེས་རབ་སྒྲོན་མེ་ཕྱོགས་བརྒྱར་འབར། །དེ་སྐད་རང་གི་རང་ལ་གདམས་པ་འདིས། །གཞན་དང་འགྲིག་མིན་ཞེན་བློས་མ་བཅིངས་བར། །རང་བཞིན་གཤིས་ཀྱི་མཛའ་མཐུན་སྨན་ཆུང་འདི། །ས་མཐའི་བུ་ཆུང་སྙིང་གི་ཚེ་གྲོགས་ཡིན། །རབ་དཀར་པདྨའི་ཞལ་ཕྱུང་ཤེས་རབ་མས། །དུང་བའི་ཕང་འགྲོའི་སྒྲ་དབྱངས་རྒྱ་མཚོའི་རླབས། །ཡིད་འཕྲོག་དྲི་ཟའི་གླུ་ཡིས་སྐུལ་བར་ཡིས། །སྙན་ཚིག་མགྲིན་པའི་རྒྱན་འདི་ཁོ་བོས་བྱས། །སེམས་ཀྱི་ལང་ཚོ་དཔྱིད་ཀྱི་དཔལ་ཡོན་དང་། །སྡེབ་ལེགས་འདོད་འཇོར་མེ་ཏོག་ཕྲེང་བ་འདི། །ཐོས་བརྩོན་བློ་གསལ་གཞོན་ནུའི་ཚོགས་རྣམས་དང་། །རིགས་མཐུན་སྐྱེ་བོའི་སྙན་གོང་མཛེས་གྱུར་ཅིག། །ཅེས་པ་ནི་ལས་རྗེས་མ་སླེབས་པའི་ཐོ་འགོད་དྲན་གསོས་སུ་རང་ངོར་གདམས་པའི་ཚིགས་སུ་བཅད་པའོ།།
