༄༅།།སྟོན་མཇུག་གི་སྨྲེང་བ།

来源:藏地阳光网
发布时间:2025/08/01

ལོ་ཟླའི་ཆུ་རྒྱུན་རིང་མོ་ཆད་མེད་དུ་བཞུར་གྱིན། །
ཡོད་ཚད་འགྱུར་བའི་རང་གཤིས་ཚ་པོ་དེ་ངོམ་ཚེ། །
དུས་ཀྱི་འཕོ་འགྱུར་ཁྲོད་ནས་རང་སེམས་འདི་སྙི་མོས། །
སྟོན་གྱི་གླུ་ཆུང་འདི་ནས་གྱེར་འདོད་རང་ཆེ་སོང་། །

སྟོན་གསུམ་འབྲུ་དྲུག་སྙེ་མའི་མགོ་ལྕོག་དེ་ལྡེམ་དུས། །
འདབ་ཆགས་ཁྲུང་ཁྲུང་གཤོག་སྣེ་ལྷོ་ཕྱོགས་སུ་གཏད་པའི། །
མཛེས་པའི་འདབ་ལོ་ལྷུང་བའི་སྟོན་མཇུག་གི་དུས་ལ། །
སེམས་ཚོར་དབྱངས་སུ་འདྲེན་པ་སྨྱུག་རྩེ་ཡི་རང་གཤིས། །

མེ་ཏོག་བཅུད་ལ་རོལ་བའི་རྐང་དྲུག་གི་གཞོན་ནུ། །
ཉམས་དགའི་ཚལ་དང་བྲལ་འདོད་ཡིད་ཡུལ་ན་མེད་ཀྱང་། །
མི་འདོད་སྟོན་གྱི་བ་མོ་གློ་བུར་དུ་ཐོན་དུས། །
སེམས་ཀྱི་གཤོག་པ་བརྐྱངས་ནས་གང་ཞིག་ལ་འཕུར་འགྲོ། །

མེ་ཏོག་འདབ་མ་འཐོར་བའི་སྐྱེད་མོས་ཀྱི་ཚལ་ན། །
ཡིད་ལ་སིམ་པའི་ཟེའུ་འབྲུ་སྟོན་རླུང་གིས་ཁྱེར་སོང་། །
མཛེས་པའི་དབྱར་གྱི་དཔལ་མོ་རྒྱང་རིང་དུ་ཕྱོགས་དུས། །
མགྲིན་བཟང་ཁུ་བྱུག་སྔོན་མོ་ལྷོ་མོན་དུ་ཆས་སོང་། །

སྟོན་བྱ་ཚོགས་ཀྱིས་གཤོག་ལྡིང་བྱང་མཐའ་རུ་འཐེན་དུས། །
སྡོང་མགོའི་ལོ་མ་སེར་པོ་བྱང་རླུང་གིས་ཁུར་འདྲ། །
ལྷགས་རླུང་འུར་འུར་ལྡང་བའི་སྟོན་དུས་ཀྱི་མཇུག་ལ། །
གཙང་བོའི་འགྲམ་ནས་ངང་པའི་སྐྱོ་གླུ་དེ་ལྷང་ལྷང་། །

འཛིན་མར་ལྗང་མདོག་སྤྲས་པའི་དབྱར་ཟླ་དེ་དྲུག་པ། །
རྒྱང་ཐག་རི་ཆུས་བཅད་པའི་རླུང་བུ་དེ་ཇི་བཞིན། །
ཁོ་མོའི་དྲན་གདུང་ཁུར་ནས་ཐག་རིང་ཏུ་ཆས་ཏེ། །
མེ་ཏོག་འདབ་ལོ་རྙིད་པའི་སྟོན་ཟླ་ཞིག་ཚེས་སོང་། །

མཛེས་པའི་དབྱར་ཟླ་ཞིག་ལ་གྱེས་གདུང་གི་སྨྲེ་ངག །
སྟོན་རླུང་ཤུར་ཤུར་ལྡང་བའི་སྡོང་ལོ་དང་མཉམ་དུ། །
ང་ལ་སྟོན་ཁ་ཞེས་པའི་སྙན་ངག་གི་དབྱངས་རྟ། །
མ་བོས་མགྲོན་དུ་ཕེབས་པ་སྟོན་མཇུག་གི་སྨྲེང་བ། །