ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས9ཉིན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཝང་དབྱི་ཡིས་བསྟན་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་སྒོ་འབྱེད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་འཛམ་གླིང་གི་ཞིབ་འཇུག་བྱ་གཞི་གསར་པར་ལན་བཏབ་ནས་ཀྲུང་གོའི་ཕྱི་འབྲེལ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པར་བསམ་བློའི་མཚོན་ཆ་དང་ཚན་རིག་གི་ཕྱོགས་སྟོན་སྟོབས་ལྡན་མཁོ་འདོན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གལ་ཆེན་རབ་དང་རིམ་པར་་དངོས་སུ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཕྱི་ཕྱོགས་ལས་དོན་ལ་མགོ་ཁྲིད་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ང་ཚོས《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད》བསྐྱར་དཔར་འགྲེམས་སྤེལ་བྱེད་པ་གོ་སྐབས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་སྔོན་ཐོན་རང་བཞིན་དང་། མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུ་བའི་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན། མི་སེམས་ལ་རྒྱབ་སྐྱོར་བྱེད་པའི་བདེན་ལུགས་ཀྱི་སྣེ་ཁྲིད་རང་བཞིན། ཆོས་ཉིད་དང་ཐབས་ཤེས་ཁོང་དུ་ཆུད་པའི་ལག་ལེན་གྱི་མཛུབ་ཁྲིད་རང་བཞིན་བཅས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཝང་དབྱི་ཡིས་བསྟན་དོན། དུས་རབས་གསར་པའི་ཕྱི་འབྲེལ་གྱི་སྤྱིར་བཏང་མིན་པའི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་ནི་རྩ་བའི་ཁག་ཐེག་དང་། ཀྲུང་གོའི་ཁྱད་ཆོས་རྒྱུན་འཁྱོངས་བྱ་རྒྱུ་ནི་དད་སེམས་ཀྱི་རྨང་གཞི་ཡིན་ལ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་ནི་འོད་སྟོང་འཕྲོ་བའི་དར་ཆ་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་རྒྱུ་ནི་བསྒྲུབ་དགོས་པའི་ལས་འགན་ཡིན་པ་བཅས་ནི་ང་ཚོས་སྔར་བས་གཏིང་ཟབ་ངང་ཤེས་རྟོགས་ཐུབ་ཀྱིན་ཡོད། ཕྱི་འབྲེལ་ཕྱི་དོན་འཐབ་ཕྱོགས་ཀྱིས་སྔར་ལས་རང་རྟོགས་ངང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཐོག་ནས་བསམ་བློར་དྲག་ཆས་སྤྲོད་པ་དང་། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ། རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ། འགན་འཁུར་གྱི་བྱས་རྗེས་མངོན་པ། ཁྱབ་སྤེལ་གྱི་ཕན་ནུས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
བཞུགས་མོལ་ཚོགས་འདུ་དེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་བ་རེད། །༼རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།༽
