རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་བཏང་ནས་ཁྲིམས་སྐྱོང་མཛོད་དགེ་བསྐྲུན།

来源:阿坝日报
发布时间:2025/07/30

རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་སྒོས་རྩ་ཁྲིམས་ཀྱི་ཤེས་བྱ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འདྲེས་པར་སྐུལ་འདེད་གཏོང་ཆེད། རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོ་བཅུ་གཉིས་པའི་རིང་ལ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྣེ་ཁྲིད་དེ། རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྤྱི་བདེ་ཅུས་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས། “རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་སྒོས་ཁྲིམས་སྐྱོང་མཛོད་དགེ་བསྐྲུན”ཞེས“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ། ཁྲིམས་སྒྲོག་ལས་སྒོ་སྣ་མང་བརྒྱུད་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་ལེགས་པོ་བསྐྱེད།

སློབ་གྲྭ་དང་རོང་འབྲོག་ཁུལ། ལས་ཁུངས། ཁྲོམ་གཞུང་སོགས་ནས་ཁྲིམས་སྒྲོག་བྱེད་སྒོ་གང་མང་སྤེལ་བ་སྟེ། སློབ་གྲྭ་རུ་ན་ཆུང་བྱིས་པར་དམིགས་ནས་སློབ་མར་ཁྲིམས་ལུགས་དང་ཁེ་དབང་སྲུང་སྐྱོང་གི་རྒྱུན་ཤེས་གསལ་པོར་བསྒྲགས་ནས། སློབ་གྲྭའི་བརྙས་བཅོས་དང་དྲ་རྒྱའི་མགོ་བསྐོར་སོགས་ཀྱི་ཉེན་ཁ་སེལ་ཅི་ཐུབ་བྱས། འབྲོག་ས་དང་ཞིང་ཁ་རུ་ཡུལ་སྐད་ཀྱི་ལམ་ནས་རྩ་ཁྲིམས་ཀྱི་སྙིང་དོན་བསྒྲགས། རྫོང་ཡོངས་ཀྱི་སྡེ་ཁག་78སྒྲིག་འཛུགས་བྱས་ནས་གཅིག་བསྡུས་ཁྲིམས་སྒྲོག་ལས་སྒོ་སྤེལ། གཞུང་ཞབས་མི་སྣའི་ཉེས་གསོག་གྱོད་དཔེ་ལ་དམིགས་ནས་བཅའ་ཁྲིམས་གསལ་འགྲེལ་བྱས། “རུལ་སུངས་ཕྲ་མོ”སོགས་ཀྱི་སྣང་ཚུལ་བཀག་འགོག་བྱས་ཏེ། གཞུང་ཞབས་མི་སྣའི་ཁྲིམས་སྐྱོང་དང་འགན་འཁྲིའི་འདུ་ཤེས་ཇེ་ལེགས་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་བཏང་། དུས་མཚུངས་སུ་རྩ་ཁྲིམས་དམ་བཅའ་བསྒྲགས་ནས་བཅའ་ཁྲིམས་ཀྱི་དབང་གྲགས་ལེགས་པར་མངོན། ལས་སྟེགས་བཙུགས་པ་དང་སྒྲོག་ཡིག་བཀལ་བ། འགྲེན་ལན་བཏབ་པ། སྒྲོག་ཤོག་བཀྲམ་པ་སོགས་ཀྱི་ལམ་ནས་རྩ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་གནང་། བཅའ་ཁྲིམས་འདྲི་སྟེགས་སུ་ཆེད་ལས་ཀྱི་ཁྲིམས་འགྲེལ་ཞབས་ཞུ་བཏོན་ནས། མང་ཚོགས་ལ་ཁྲིམས་ལྟར་འཚོ་བ་རོལ་བ་དང་ཁྲིམས་ལྟར་ཁེ་དབང་སྲུང་བར་ཁྲིད་སྟོན་བྱས།

བྱེད་སྒོ་དེ་བསྡོམས་པས་དགེ་སློབ་མི་ཐེངས་2000ལྷག་དང་རོང་འབྲོག་མང་ཚོགས་མི་ཐེངས་200ལྷག་ལ་ཁྱབ་པར་བྱས་ཏེ། སྒྲོག་ཤོག་1100ལྷག་དང་སྒྲོག་དེབ་500ལྷག་བཀྲམ། སྒྲོག་དངོས་220ལྷག་བྱིན། ཡུལ་དངོས་ནས་མི་ཐེངས་10ལྷག་ལ་དོགས་གཞིར་འགྲེན་ལན་བཏབ། ཁྱིམ་མཚེས་ཀྱི་རྩོད་གཞི་དང་ངལ་ལས་རྩོད་གཞི་སྐོར་གྱི་གནད་དོན་3དག་ཐེར་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ཕན་འབྲས་ལེགས་པོ་བཏོན།

རྗེས་ཕྱོགས་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྒྲོག་བྱེད་སྒོ་གང་མང་སྤེལ་ནས། རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་དགེ་མཚན་ལེགས་པར་མངོན་ནས། ཁྲིམས་སྐྱོང་མཛོད་དགེ་འཛུགས་སྐྲུན་ལ་ཁོར་ཡུག་ལེགས་པོ་བསྐྲུན་ངེས་ཡིན།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽