ད་ལོ་རང་རྒྱལ་གྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ།
གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ལོ་འདི་ཤར་ཚུན། རང་རྒྱལ་གྱི་གྲོང་གསེབ་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་ཚུལ་བཟང་བ་དང་། ཐོན་ལས་ཀྱི་མཉེན་ཆ་རྒྱུན་མཐུད་ཆེ་རུ་སོང་ཡོད།

གཅིག རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་བ།
སྤྱི་ཟླ་1པོ་ནས་10པ་བར། གཞི་ཁྱོན་ཡན་གྱི་ཞིང་ཞོར་བཟའ་བཅའི་ལས་སྣོན་གྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས་6.3%འཕར་བ་དང་། ལས་སྣོན་གྱི་ཁྱབ་ཚུལ་ཟམ་མི་ཆད་པར་ལེགས་སྒྱུར་བྱུང་བ། ཐོན་ནུས་རྒྱུན་མཐུད་ཐོན་ཁུལ་གཙོ་བོར་གཅིག་སྡུད་བྱས་ཡོད།

གཉིས། ཐོན་ལས་གསར་པ་དང་ལས་སྒོ་གསར་པ་འཕེལ་ཁ་བཟང་བ།
ཞིང་ལས་དང་ཡུལ་སྐོར། རིག་གནས། ལུས་རྩལ། གློག་རྡུལ་ཚོང་དོན་སོགས་མཉམ་འདྲེས་གཏིང་ཟབ་བྱུང་ཞིང་། གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་གསེང་དང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་སོགས་ལས་སྒོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དེ་ཐོན་ལས་གོང་འཕེལ་གྱི་འཕར་གནས་གསར་པར་གྱུར་བ་མ་ཟད། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཁྱད་ཆོས་གསར་པར་གྱུར་ཡོད།
སྤྱི་ཟླ་1པོ་ནས་10པ་བར། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་པོའི་སིལ་འཚོང་དངུལ་གྲངས་སྒོར་དུང་ཕྱུར་ཁྲི་5.5ཟིན་པ་དེ་དུས་མཚུངས་ལས་4.6%འཕར་བ་དང་། འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྒྱ་ཆའི་གནས་0.4ལས་མཐོ་བ་ཡོད།

ཞིང་ལས་དང་གྲོང་གསེབ་པུའི་གྲོང་གསེབ་ཐོན་ལས་གོང་འཕེལ་སིའི་སི་ཀྲང་གཞོན་པ་ཕན་ཡང་པིན་གྱིས། ལོ་འདི་ཤར་ཚུན། ང་ཚོས་ཁྱད་ལྡན་ཐོན་རྫས་གཞིར་བཟུང་སྟེ། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་གོང་འཕེལ་བཏང་བ་དང་། ཐོན་ལས་མཉམ་འདྲེས་གོང་འཕེལ་གྱི་སྟེགས་བུ་བཙུགས་ཏེ། གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་དང་། གྲོང་གསེབ་ཀྱི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་བྱས་པས་ལས་རིགས་དེར་གསོན་ཤུགས་ཆེན་པོ་འཕེལ་ཡོད་ཅེས་གསུངས་པ་རེད།༼ཡིག་སྒྱུར། མིག་དམར་རྒྱ་མཚོ།༽
