སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་རྒྱས་ཁར་ཡུལ་གྲོང་སྡེར་འཛམ་གླིང་གི་ཡུལ་སྐོར་ཡུལ་སྡེ་ཡག་ཤོས་ཀྱི་མཚན་སྙན་ཐོབ།

来源:甘孜日报
发布时间:2025/07/08

སྤྱི་ཟླ10པའི་ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱིས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ“ཡུལ་སྐོར་ཡུལ་སྡེ་ཡག་ཤོས”ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་རེད། མཛད་སྒོར2025ལོའི“ཡུལ་སྐོར་ཡུལ་སྡེ་ཡག་ཤོས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་རྒྱས་ཁར་ཡུལ་གྲོང་སྡེ་མིང་ཐོ་དེར་ཚུད་ཡོད་པ་རེད།

རྒྱས་ཁར་ཡུལ་གྲོང་སྡེ་ནི་འཕྲེད་གཅོད་རི་རྒྱུད་ཀྱི་གསེང་དུ་ཆགས་ཤིང་། གནའ་བོའི་མཁར་རྫོང22དང་བོད་ལུགས་སྡོད་ཁང་གིས་ཡོངས་སུ་ཕྱུག་ཡོད། དེས་སྐྱེ་ཁམས་དང་རིག་གནས་མཉམ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ལག་ལེན་ལ་བརྟེན་ནས་འཛམ་གླིང་གི་ཁས་ལེན་ཐོབ་ཅིང་། ལོ་བརྒྱ་སྟོང་རིང་གནས་པའི་རྒྱལ་རོང་བོད་གྲོང་ཡུལ་སྐོར་འཕེལ་རྒྱས་ཁྲོད་དུ་གསོན་ཤུགས་རྒྱས་སུ་བཅུག་ནས། དཀར་མཛེས་ཁུལ་གྱི་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཐོག་མ་དང་སི་ཁྲོན་ཞིང་ཆེན་གྱི་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཨང་གཉིས་པའི་གྲོང་ཚོ་ཞིག་ཏུ་གྱུར།

2025ལོའི་ཟླ་བ་དང་པོ་ནས་ཟླ9པའི་བར་རྒྱས་ཁར་ཡུལ་གྲོང་སྡེ་གནས་སའི་སྤྲོ་སྣང་སྡེ་ཁུལ་གྱིས་ཡུལ་སྐོར་བ་ཁྲི33.155ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར3.64ལ་ཟིན་ཡོད་ཅིང་། ན་ནིང་དང་བསྡུར་ན་བརྒྱ་ཆ2.52དང་བརྒྱ་ཆ3.41འཕར་ཡོད།

དན་གྲངས་ལས་མངོན་པ་ལྟར་ན། 2024ལོར་རྒྱས་ཁར་ཡུལ་གྲོང་སྡེར་ཡུལ་སྐོར་ལས་རིགས་དང་འབྲེལ་བའི་ལས་ཀ་བྱེད་མཁན་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ92ལ་ཟིན་ཡོད་པ་དང་། གྲོང་སྡེ་ཡོངས་ཀྱི་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར34290ཟིན་ཞིང་རོང་བྲག་རྫོང་གི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ6མཐོ་བ་རེད། རྒྱས་ཁར་ཡུལ་གྲོང་སྡེ་ནི་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་བའི་དཔེ་གཞི་ཞིག་ཏུ་གྱུར་ཡོད་ལ། ཞིང་ལས་དང་རིག་གནས་ཡུལ་སྐོར། ཞིབ་འཇུག་དང་སློབ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་ཡུལ་སྡེའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད།