མཛོད་དགེ་རྫོང་གིས“རང་ཁྱིམ་ནས་སྟབས་བསྟུན་ལས་ཞུགས+གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན”གྱི་ལས་ཞུགས་ལས་གཏོད་གསོ་སྐྱོང་རྟེན་གཞི་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས།

ཉེ་ཆར་མཛོད་དགེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཐང་སྐོར་གྲོང་རྡལ་གྱི“ཁྱད་ལྡན་གྲོང་ཆུང”འཕེལ་རྒྱས་ལས་སྟེགས་ལ་བརྟེན་ནས“རང་ཁྱིམ་ནས་སྟབས་བསྟུན་ལས་ཞུགས+གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན”གཞི་གཅིག་ཏུ་འདུས་པའི་ལས་ཞུགས་ལས་གཏོད་གསོ་སྐྱོང་རྟེན་གཞི་བསྐྲུན་པ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས།

རོང་འབྲོག་མང་ཚོགས་ཁག་གཅིག་ཁྱིམ་ཚང་དང་ས་ཁོངས་སོགས་ཀྱི་རྐྱེན་པས་ཕྱི་ལ་ལས་ཀར་འགྲོ་མི་ཐུབ་པའི་དངོས་ཡོད་དཀའ་ངལ་ལ་དམིགས་ནས། རྟེན་གཞིས་གཟུགས་འདས་རིག་གནས་ཤུལ་བཞག་གི་ལག་རྩལ་ལས་སྣོན་དང་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བར་གཞིགས་ནས་སྟབས་བསྟུན་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས། མང་ཚོགས་ཀྱི་ཞིང་འབྲོག་ལས་གཉེར་ནས་ཁྱིམ་ཚང་ལ་བདག་སྐྱོང་བྱ་ཞོར་ཁྱིམ་ནས་ཡོང་འབབ་ལེན་རྒྱུ་མངོན་འགྱུར་བྱུང་། མིག་སྔའི་བར། མི་ཐེངས་5000ལ་ཁྱིམ་ནས་སྟབས་བསྟུན་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་མ་ཟད། ཉེ་འཁོར་གྱི་ཡུལ་གྲོང་དང་མངག་ཐོ་རྣམ་པའི་ཁུ་ལུ་ཉོ་སྒྲུབ་ཀྱི་མཉམ་ལས་འབྲེལ་བ་བཙུགས་ཡོད། སྔོན་དཔག་ལྟར་ན་ལོ་རེར་ཡོང་འབབ་སྒོར་ཁྲི་200འཕར་སྣོན་གཏོང་ཐུབ་པས། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་བྱས།

རྟེན་གཞིས་མཛོད་དགེའི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། གཟུགས་འདས་རིག་གནས་ཤུལ་བཞག་ཉམས་ལེན་གྱི་བར་སྟོང་ལེགས་པོ་བསྐྲུན། ལག་ཤེས་བཟོ་སྐྲུན་དང་ཐོན་རྫས་མྱོང་དཔྱད་སོགས་བརྒྱུད། ཡུལ་སྐོར་བས་རྩྭ་ཐང་གི་མཛེས་ལྗོངས་ལ་རོལ་བའི་དུས་མཚུངས་སུ། བོད་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ངོ་མཚར་ཉམས་སུ་ལེན་ཐུབ། ས་གནས་ཀྱི་རིག་གནས“འཇགས་རྣམ་འགྲེམས་སྟོན”ནས“གསོན་རྣམ་རྒྱུན་འཛིན”སུ་བསྒྱུར་ནས་ལས་ཞུགས་ལས་གཏོད་ཀྱི་ཁྱབ་རྒྱ་ཆེ་རུ་བསྐྱེད།
ཁ་ཐོར་བའི་གཟུགས་འདས་རིག་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད། རྒྱུན་འཛིན་པ“ཁེར་འཐབ”ཀྱི་བབཀག་རྒྱ་ལས་སྒྲོལ་ནས་ལག་རྩལ་སློབ་སྦྱོང་དང་ཐོན་རྫས་མཉམ་སྐྲུན། ཁྲོམ་ར་མཉམ་སྤྱོད་ཀྱི་ལས་གཏོད་ལས་སྟེགས་བསྐྲུན། གཟུགས་འདས་རིག་གནས་ཀྱི་ཐོན་རྫས“གནས་རྐྱང་འགག་སྒྲོལ”ནས“ཚོགས་སྒྲིག་ཕྱིར་ཚོང”གི་ཕྱོགས་སུ་འཕེལ་རྒྱས་བཏང་། གཟུགས་འདས་རིག་གནས་ཀྱི་རྒྱུན་འཛིན་པ་བསོད་ནམས་དོན་གྲུབ་ཀྱིས་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ང་ཚོར་ལས་སྟེགས་འདི་འདྲ་བསྐྲུན་པར་ཐུགས་ཆེ་རྗེ་ཞུ། དེ་ཡིས་ང་ཚོར་ལག་རྩལ་སློབ་སྦྱོང་དང་ཁྲོམ་ར་རྒྱ་བསྐྱེད་པའི་གོ་སྐབས་སྦྱིན་པས། མི་མང་པོར་གཟུགས་འདས་རིག་གནས་ལ་བརྟེན་ནས་ལས་ཞུགས་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་དུ་བཅུག་ཅེས་བཤད།
རྟེན་གཞིས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་སྟེ། གྱོད་དཔེ་དབྱེ་ཞིབ་དང་ལས་གནས་འོས་སྦྱོར་བྱས་པ་བརྒྱུད། སློབ་ཆེན་དང་འབྲིང་རིམ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་འདུ་ཤེས་ལེགས་པོ་བསྐྱེད་པར་ཁྲིད་སྟོན་བྱས། ས་གནས་ཀྱི་གཞོན་ནུ་ལོ་ཆུང་རང་ཡུལ་ནས་རྩ་བ་ཚུགས་ཤིང་། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གྱི་ལས་གཞོལ་བར་སྒུལ་ཤུགས་གསར་པ་བསྩལ་ནས་ལས་ཞུགས་ལས་གཏོད་ཀྱི་གསོན་ཤུགས་འཕེལ་དུ་བཅུག
མིག་སྔར་གསོ་སྐྱོང་རྟེན་གཞི་དེ་མཛོད་དགེ་རྫོང་གི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་གནས་དང་ཡུལ་སྐོར་མཉམ་སྤེལ་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། རྗེས་ཕྱོགས་སུ། མཛོད་དགེ་རྫོང་གིས“ཁྱིམ་སྡོད་ལས་ཞུགས+གཟུགས་འདས་རིག་གནས་ཤུལ་བཞག+རིག་གནས་ཡུལ་སྐོར”བཅས་ཀྱི་ལས་རྣམ་ཟབ་སྤེལ་སྒོས། མང་ཚོགས་ལ་འབབ་འཕར་དང་རིག་གནས་རྒྱུན་འཛིན་གཉིས་ཕན་ཡོང་བར་འདེགས་སྐྱོར་བྱས་ཏེ། མཐོ་སྒང་འབྲོག་ཁུལ་གྱི་རྒྱུན་མཐུད་འཕེལ་ཐབས་འཚོལ་ཞིབ་བྱ་བར་དཔེ་མཚོན་གསར་པ་འདོན་ངེས་རེད།
