ཧྲི་ཞའོ་ལིན་དཀར་མཛེས་ཁུལ་དུ་བརྟག་དཔྱད་བྱེད་པར་བསྐྱོད་འདུག

来源:四川日报
发布时间:2025/06/25

ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བར་དམིགས་ནས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོ་རྒྱུན་མཐུད་འགན་ལེན་ལེགས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་ལ་སྔར་ལས་འགན་ལེན་ཡོད་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ཧྲི་ཞའོ་ལིན་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་སྡེ་དགེ་རྫོང་། བྲག་འགོ་རྫོང་། གསེར་རྟ་རྫོང་། དཀར་མཛེས་རྫོང་བཅས་སུ་སོང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། སློབ་གསོ་འཕྲོད་བསྟེན། གྲོང་གསེབ་དར་རྒྱས་དང་དགོན་པའི་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། ཁོང་གིས་སྟོད་རྒྱུད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བོད་འབྲེལ་ས་ཁུལ་བརྟན་བརླིང་གི་ཆབ་སྲིད་འགན་འཁྲི་དམ་པོ་འཁུར་ནས་སྐྱེ་ཁམས་དམིགས་སུ་བཟུང་བ་དང་འབག་མེད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཁྲོན་བོད་ལྕགས་ལམ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན། ཐཱན་གཉིས་འཕེལ་རྒྱས་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་སྐྱེ་ཁམས་ཁོར་ཡུག་དང་ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ཁྱད་ཆོས་ལྡན་པའི་རོང་འབྲོག་ལས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཤར་ནུབ་མཉམ་ལས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་མཇུག་སྒྲིལ་བ་དང་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་དམ་འཛིན་བྱེད་པ་དང་ཆབས་ཅིག་ཏུ་འགྲིམ་འགྲུལ་དང་ཆུ་བེད། གློག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ཐབས་ལམ་ཡང་དག་བཙལ་བ་དང་ལེགས་ཆ་འདོན་སྤེལ་བྱེད་ཅིང་། མཐོ་སྒང་གི་མི་རིགས་ས་ཁུལ་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ནུས་ཆེའི་བཅོས་སྐྱོང་བཅས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས་ཞེས་བཤད།

ཧྲི་ཞའོ་ལིན་གྱིས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་འཛུགས་རྒྱུའི་ཐད་མུ་མཐུད་དུ་ཤུགས་བསྣན་ཏེ། རི་ཆུ་ནགས་ཚལ་དང་མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་ས་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་། རྩྭ་ས་བྱེ་འགྱུར་བཅོས་སྐྱོང་། འདམ་ར་ཉམས་གསོ་སོགས་ཀྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས། ནགས་ཚལ་དང་རྩྭ་ཐང་། ཐཱན་བསྡུ་ལེན་སོགས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་འཕོ་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བའི་ཐད་མུ་མཐུད་དུ་ནུས་ཤུགས་འདོན་དགོས། ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤུས་ལེགས་སོན་བཟང་གསོ་སྐྱོང་དང་། སྤུས་ཚད་མཐོར་འདེགས་གཏོང་བ། སྤུས་རྟགས་གཏོད་རྒྱུ་བཅས་ལ་དམིགས་ནས། ལས་སྣོན་ཞིབ་ཚགས་ཐད་གཅིག་གྱུར་འཆར་འགོད་བྱས་ཏེ། ཕྱུགས་ཟོག་དང་ནས། མཐོ་སྒང་སྔོ་ཚལ། གཟན་རྩྭ་སོགས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ལས་སྟེགས་ལེགས་པོ་སྤྱད་དེ་ཐོན་སྐྱེད་དང་ཚོང་གཉེར་གྱི་སྣེ་གཉིས་ཤར་གཏོང་ཐུབ་པ་དང་། ཞིང་ལས་དང་ཚོང་དོན། རིག་གནས། ལུས་རྩལ་སློབ་གསོ། བདེ་ཐང་སོགས་མཉམ་འདྲེས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། ཞིང་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱུགས་ལས་རིག་ནུས་ཅན་གྱི་བྱེད་སྟངས་ཁྱབ་གདལ་གཏོང་བ། རིག་ནུས་ཅན་གྱི་ལག་རྩལ་གྱིས་ཐོན་ལས་གཞི་གྲངས་ཅན་དུ་བསྒྱུར་རྒྱུ་ལག་བསྟར་བྱས་ནས། གཞི་གྲངས་ཅན་དང་ཆ་འཕྲིན་ཅན་གྱིས་ཐོན་ལས་ནུས་ལྡན་སྤུས་མཐོ་དང་ཞིང་པའི་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། རང་བྱུང་སྐྱེ་ཁམས་དང་ལོ་རྒྱུས་རིག་གནས་ཀྱི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྤུས་རྟགས་གཏོད་པའི་འཆར་གཞིའི་ནང་རང་འགུལ་ངང་ཞུགས་པ། སྐྱེ་ཁམས་མཛེས་ལྗོངས་དང་། གསར་བརྗེའི་རིག་གནས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། གངས་འཁྱག་རོལ་རྩེད། རྒྱུན་ཤེས་ཁྱབ་གདལ་སོགས་ཐོན་རྫས་སྔར་ལས་མང་པོ་བཏོན་པ། བཟའ་བཅའ་སྡོད་ཁང་དང་། ཡུལ་སྐོར་ཉོ་སྒྲུབ། རོལ་རྩེད་ཀྱི་འབྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། བྱེད་སྒོ་རྒྱུན་མི་ཆད་པར་ལོ་ཧྲིལ་པོའི་འཛད་སྤྱོད་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས། འོད་ཤུགས་ཆུ་གློག་སོགས་ནུས་ཁུངས་གཙང་མ་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ཏེ། རྩིས་རྒྱག་དང་གློག་མཉམ་འདྲེས་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་མགྱོགས་མྱུར་ངང་གཏོད་དགོས་ཞེས་ནན་གྱིས་བསྟན།

ཧྲི་ཞའོ་ལིན་གྱིས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཐད་མུ་མཐུད་དུ་འབད་བརྩོན་བྱ་དགོས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཁས་ལེན་ལྔ་རྒྱུན་ཆད་མེད་པར་ཟབ་སྤེལ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱས་ནས་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས། དེ་བཞིན་གཞི་རིམ་གྱི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་ཀྱི་ལས་ཀའི་དགོས་མཁོར་དམིགས་ཏེ་རིགས་དབྱེ་ནས་དངོས་གཉེར་དང་ཕན་ནུས་ལྡན་པའི་ཉེར་སྤྱོད་རྣམ་པ་བཏོན་ཏེ། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་དང་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར། སྤྱི་ཚོགས་བཅོས་སྐྱོང་ལ་ནུས་པ་འདོན་པ་དགོས་ཞེས་ནན་གྱིས་བསྟན།

ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ། མེ་གསོད་བདེ་འཇགས་དང་ས་གཤིས་གནོད་འཚེ་འགོག་བཅོས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་དོན་དངོས་ཀྱི་བདེ་འཇགས་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། དམངས་འཚོའི་བདེ་སྐྱིད་ཇེ་ཆེར་གཏོང་བའི་ཐད་མུ་མཐུད་དུ་ནུས་ཤུགས་འདོན་དགོས། ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་སོགས་ཚོགས་པ་སྣ་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་མཐོ་སྒང་གི་འཚོ་བའི་ཞབས་ཞུའི་ཐད་ཀྱི་ལེ་ལག་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ས་ཁོངས་རང་བཞིན་གྱི་སྨན་བཅོས་ལྟེ་གནས་འཆར་འགོད་འཛུགས་སྐྲུན་བྱས་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་སྨན་བཅོས་ཐུན་མོང་སྒྲིག་གཞི། དྲ་སྦྲེལ་མཉམ་སྤྱོད་འཆར་གཞི་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྨན་བཅོས་དང་སློབ་གསོ་སོགས་སྤྱི་པའི་ཞབས་ཞུའི་སྤུས་ལེགས་ཐོན་ཁུངས་མཁོ་སྤྲོད་དོ་སྙོམས་ངང་གང་སར་ཁྱབ་པར་སྐུལ་འདེད་གཏོང་དགོས། འགོས་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ས་ཁུལ་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་ས་ནས་བརྟག་དཔྱད་དང་སྔ་ས་ནས་སྨན་བཅོས་འགན་ལེན་བྱས་ནས་དྲིལ་བསྒྲགས་སློབ་གསོ་དང་འབྱུང་ཁུངས་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་འབྲེལ་ནད་མང་པོ་མཉམ་དུ་སྔོན་འགོག་བྱེད་པར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ།མང་ཚོགས་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ་ཧུའུ་ཡོན་ཁུང་དང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག དཀར་མཛེས་ཁུལ་གྱི་འགན་འཁུར་བློ་མཐུན་སོགས་ཞུགས་ཡོད།