ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་སྐོར་ཞིབ་ལས་དོན་འགོ་ཚུགས།

ཟླ་10པའི་ཚེས་9ཉིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་དཔྱད་ཞིབ་སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ་11པར་ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་22ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་སུ་སྔ་རྗེས་སུ་བཅའ་སྡོད་བྱས་ནས་ལོ་འཁོར་གྱི་དཔྱད་ཞིབ་སྐོར་ཞིབ་བྱ་རྒྱུ་རེད།

ཟླ་10པའི་ཚེས་9ཉིན་ནས་ཟླ་10པའི་ཚེས་31ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་དྲ་སྦྲེལ་དང་ཁ་པར། འཕྲིན་ཡིག་སོགས་ཀྱི་ཐབས་ལམ་གསུམ་བརྒྱུད། མང་ཚོགས་ནས་བཏོན་པའི་བསམ་ཚུལ་དང་ལས་བཟོ་པས་གནད་དོན་སྙན་སེང་ཞུ་བའི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་བདག་སྤྲོད་བྱ་རྒྱུ་རེད། བདག་སྤྲོད་ཁྱབ་ཁོངས་ནང་གཙོ་བོ་ཐོན་སྐྱེད་བདེ་འཇགས་དང་འབྲེལ་བ་ཡོད་པའི་མངོན་མེད་ཉེན་ཁའི་གནད་དོན་གལ་ཆེན་དང་། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་ཀྱི་བྱེད་སྤྱོད་སོགས་ཚུད་ཅིང་། དེ་དང་དུས་མཚུངས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་ལས་བཟོ་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཁྲོད་ལྷག་འདས་པའི་གནད་དོན་དང་། ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པའི་ཐད་ཀྱི་བསམ་འཆར་བདག་སྤྲོད་བྱ་རྒྱུ་རེད།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ས་ཁུལ་གྱི་ཐོན་སྐྱེད་བདེ་འཇགས་དང་འབྲེལ་བ་ཡོད་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ཁུངས་སྣེ་འདོན་སྤྲོད་ཧུར་ཐག་བྱེད་པ་དང་། འབྲེལ་ཡོད་གནས་ཚུལ་དངོས་ཡོད་དྲང་བདེན་སྒོ་ནས་སྙན་སེང་ཞུ་རྒྱུར་དགའ་བསུ་ཞུ།
