ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།

ཟླ་9ཚེས་1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

ཟླ་9ཚེས་1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་མཁན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱུན་བཙུགས་སྒྲིག་གཞིའི་འགན་འཁུར་བ་བཅས་པ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་མཁན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱུན་བཙུགས་སྒྲིག་གཞིའི་འགན་འཁུར་བ་དང་མཛའ་བརྩེའི་ཕྱག་བཏང་གནང་ནས་ལྷན་བཞུགས་སྐུ་པར་བསྐྱོན་རྗེས། གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཧོང་ཕུའུ་གཙང་འགྲམ་ནས་ཧའེ་ཧོ་གཙང་འགྲམ་བར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་24སོང་རིང་། ཁོངས་མིའི་རྒྱལ་ཁབ་ཁག་གིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ཏེ། གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་པར། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་སྟེ། རྒྱལ་སྤྱིའི་འབྲེལ་བའི་རྣམ་པ་གསར་པའི་དཔེ་མཚོན་བཏོད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གཞན་གྱི་སྔོན་ལ་མཐའ་མཚམས་ས་ཁུལ་གྱི་དམག་དོན་ཁྱབ་ཁོངས་ཀྱི་ཡིད་ཆེས་ལམ་སྲོལ་བཙུགས་ནས།“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་བའི་ཕྱོགས་མང་བྱ་སྤྱོད་སྔ་ཤོས་སྤེལ་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་པ་དང་། གཞན་གྱི་སྔོན་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་བྱས་ནས་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་རུ་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་ཕྱོགས་བསྡུས་དྲ་རྒྱ་དེ་བས་འཐུས་སྒོ་ཚང་དུ་བཏང་བ། གཞན་གྱི་སྔོན་ལ་ཁྱིམ་མཚེས་དབར་དུས་ཡུན་རིང་པོའི་་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག་བཞག་ནས་མི་རབས་ནས་མི་རབས་བར་མཛའ་མཐུན་ལྡན་པ་ལས་ཕན་ཚུན་ནམ་ཡང་དགྲ་བོར་མི་འཛིན་པའི་ཁྱབ་བསྒྲགས་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་འཆམ་མཐུན་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་མ་བཏང་བ། གཞན་གྱི་སྔོན་ལ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་བཏོན་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་འཛམ་གླིང་གི་ས་ཁོངས་རྩ་འཛུགས་ཆེ་ཤོས་སུ་གྱུར་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འགུག་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཁོངས་མིའི་རྒྱལ་ཁབ་ཁག་གིས་སྔར་བཞིན“ཧྲང་ཧའེ་ཡི་སྙིང་སྟོབས”ལ་བརྩི་སྲུང་ཞུས་ཏེ། འབད་འབུངས་ཡར་བརྩོན་ཏན་ཏིག་བྱས་ནས་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པ་འདོན་དགོས་པ་སྟེ།
གཅིག་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས་བྱེད་དགོས་ཤིང་། ཕན་ཚུན་གྱི་ཁྱད་པར་ལ་བརྩི་འཇོག་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས། མཉམ་སྡེབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མཉམ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་ལེགས་ཆ་ཡག་པོ་སྤྱོད་པ། ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་མཉམ་དུ་ཁུར་དགོས།
གཉིས་ནས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། ལྗང་མདོག་ཐོན་ལས། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་དབར་མཐུན་རྐྱེན་བསྐྲུན་པ་དང་ཐུན་མོང་ཐོག་འབྱུང་འགྱུར་གཏོད་རིང་དེང་རབས་ཅན་གྱི་ཕྱོགས་སུ་མཉམ་དུ་སྐྱོད་དགོས།
གསུམ་ནས་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱེད་དགོས་ཤིང་། མི་ཆོས་རིག་གནས་སྤེལ་རེས་བྱེད་རིང་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་ཡོང་བར་བྱེད་པ་དང་། དཔལ་འབྱོར་མཉམ་ལས་བྱེད་རིང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལག་གདང་སྦྲེལ་ནས་རང་ཚུགས་གཞན་སྐྱོར་དང་། མཛེས་ཀུན་གཅིག་འདུས། མཐུན་འགྲོགས་མཉམ་གནས་བཅས་ཀྱི་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱའི་ལྡུམ་ར་སྐྲུན་དགོས།
བཞི་ནས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱེད་དགོས་ཤིང་། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་གཏོང་བ་དང་། འཇམ་འཐབ་ཀྱི་བསམ་བློ་དང་། དཔུང་ཤོག་གི་འགྲན་རྒོལ། ཧམ་ཤེད་ཀྱི་སྤྱོད་ངན་བཅས་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་བཅས་ལ་བརྟེན་ནས། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།
ལྔ་ནས་དངོས་སྒྲུབ་ནུས་ཆེ་མཐའ་འཁྱོངས་བྱེད་དགོས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་མཉམ་འཇོག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྩ་འཛུགས་ལམ་སྲོལ་དེ་བས་འཐུས་སྒོ་ཚང་བ་དང་། ཐབས་ཇུས་དེ་བས་ཚན་རིག་དང་མཐུན་པ། བྱ་སྤྱོད་དེ་བས་ཕན་ནུས་ཆེ་བ་བཅས་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་མཉམ་ལས་ལ་འདེགས་སྐྱོར་དེ་བས་ནུས་ལྡན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་འཕེལ་རྒྱས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཟུང་འབྲེལ་བྱེད་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཁོངས་མིའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་འདོད་དང་ཟུང་འབྲེལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་འགན་ཐེག་པ་འཁུར་ལེན་ཧུར་ཐག་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་འདོད་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མའེ་ཁེ་པ་ཡེ་ཧྥུའུ་དང་། ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲ་ཨེར་ཧྲེ་ཡེ་ཧྥུའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཕྱོགས་ཁག་གིས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བ་དང་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ལས་དོན་ཁག་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཡག་པོ་བྱས་པ་མ་ཟད། དུས་མཚམས་རྗེས་མའི་མཉམ་ལས་ཐད་ལའང་གྲོས་འགོ་བཏོན་པ་རེད། ཕྱོགས་ཁག་གིས། ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པས་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་ཐུབ་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱིས་ཡོ་ལང་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་བཏོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། ཕྱོགས་ཁག་གིས། “ཧྲང་ཧའེ་ཡི་སྙིང་སྟོབས”མུ་མཐུད་ལག་ལེན་བསྟར་ནས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ། ཆབ་སྲིད་དང་། བདེ་འཇགས། དཔལ་འབྱོར་ཚོང་དོན། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་སྤྱི་འདོམས་ཀྱིས་ཁ་གཏད་གཅོག་པ་དང་། “ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་མཉམ་ལས་ཁྲོད་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་དང་དར་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད། ཕྱོགས་ཁག་གིས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་འཐབ་ཇུས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་། ཕྱོགས་རྐྱང་གི་བཙན་དབང་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་ཀྲུང་གོས་མིའི་རིགས་ཀྱི་ཞི་བདེའི་དོན་དུ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱི་དཔའ་ངར་ཞུམ་མེད་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མཚོན་པས། ནམ་ཡང་སེམས་ལ་ངེས་རིན་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད་པ་རེད།
ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཐེན་ཅིན་བསྒྲགས་གཏམ》ལ་མིང་རྟགས་བཀོད་ནས་བཀྲམ་པ་དང་། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་གྱི་ལོ་10ཡི(2026ནས་2035ལོ་བར)འཕེལ་རྒྱས་ཀྱི་འཐབ་ཇུས》ལ་ཆོག་མཆན་སྤྲད་པ། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་སྐོར་གྱི་གསལ་བསྒྲགས་དང་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་གསལ་བསྒྲགས་སྤེལ་ནས། བདེ་འཇགས་དང་། དཔལ་འབྱོར། མི་ཆོས་རིག་གནས་བཅས་ཀྱི་མཉམ་ལས་དང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་གྲུབ་འབྲས་ཀྱི་ཡིག་ཆ་24ལ་གྲོས་འཆམ་བྱུང་བ་རེད།
ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བདེ་འཇགས་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས་དང་། རྒྱལ་སྒྲོལ་གྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་རྡུང་རྡེག་ལྟེ་གནས། ཆ་འཕྲིན་བདེ་འཇགས་ལྟེ་གནས། དུག་འགོག་ལྟེ་གནས་བཅས་ཀྱི་སྒོ་བྱང་བཀལ་བར་མཉམ་དུ་བདེན་དཔང་བྱས་པ་རེད།
ཚོགས་འདུའི་ཐོག་ལོ་སི་གླེང་མོལ་རོགས་ཟླར་དང་ལེན་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་དང་། ཁེར་གྷི་སི་ཐན་གྱིས་2025ནས་2026ལོ་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད།