ལི་ཆང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས་པ། ལས་གྲྭ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

སྤྱི་ཟླ་7ཚེས་19ཉིན་གྱི་སྔ་དྲོར། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས། ལས་གྲྭ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
ཞིན་ཧྭ་གསར་འགྱུར་ཁང་ཉིང་ཁྲི་ནས་སྤྱི་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་7ཚེས་19ཉིན་གྱི་སྔ་དྲོར། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྦྲགས། ལས་གྲྭ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
དེ་ཉིན་གྱི་ཆུ་ཚོད་9པ་ཡོལ་ཙམ་ལ། ལས་འགོ་ཚུགས་པའི་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཆུ་ཤུགས་གློག་ཁང་གི་ཆུ་རགས་གནས་ཡུལ་དུ་གཉེར་བ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྣམ་གྲངས་ཀྱི་འགན་གཙོ་བོ་འཁུར་མཁན་ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ། རྣམ་གྲངས་ཀྱི་ཞིབ་འཇུག་དང་། ཚོད་ལྟ། འཛུགས་སྐྲུན་བཅས་ནང་ཞུགས་མཁན་ཚན་པའི་འཐུས་ཚབ་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི། བོད་རང་སྐྱོང་ལྗོངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
ལི་ཆང་གིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་རྗེས། ལས་གྲྭ་དངོས་སུ་འཛུགས་སྐྲུན་གྱི་འགོ་ཚུགས་པ་རེད།
ཝུའུ་ཀྲེང་ལུང་གིས་ལས་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཀྲུང་དབྱང་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན་གྱི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྣམ་གྲངས་ཀྱི་ཞིབ་འཇུག་དང་། ཚོད་ལྟ། འཛུགས་སྐྲུན་བཅས་ནང་ཞུགས་མཁན་ཚན་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་འཐུས་མི་སོགས་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།
ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གནས་ཤིང་། ལས་གྲྭར་གཙོ་བོ་ཀྱོག་བཀག་འདྲོང་བཟོ་དང་ཕུག་ལམ་ཆུ་འདྲེན་གྱི་གསར་སྤེལ་བྱ་ཐབས་སྤྱད་ནས་སྐས་རིམ་གློག་ཁང་5བསྐྲུན་རྒྱུ་ཡིན་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ཁྲི་1.2ལྷག་ཙམ་གཏོང་རྒྱུ་རེད། ལས་གྲྭའི་གློག་ཤུགས་དེ་གཙོ་བོ་ཕྱི་ནས་འདྲེན་རྒྱུ་དང་ཆབས་ཅིག །བོད་རང་གི་དགོས་མཁོ་དང་ཡང་བསྟུན་རྒྱུ་ཡིན་པ་རེད།