དཀར་མཛེས་ལྷ་སྒང་རྩྭ་ཐང་གིས་རི་ཐང་རིག་གནས་ཀྱི་ངོ་མཚར་གཏམ་རྒྱུད་གསར་པ་བརྩམས།

སྤྱི་ཟླ་7པའི་ཚེས་20ཉིན། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2025སི་ཁྲོན་དཀར་མཛེས་རི་ཐང་རིག་གནས་ཡུལ་སྐོར་དུས་ཆེན་ཏེ་G318ཕྱི་རོལ་འཚོ་བའི་རབ་དགའི་རོལ་རྩེད་དུས་ཚིགས་དར་མདོ་གྲོང་ཁྱེར་ལྷ་སྒང་རྩྭ་ཐང་དུ་གཟབ་རྒྱས་ངང་མཇུག་སྒྲིལ། མཚོ་འཕགས་སྨི་3730ཅན་གྱི་གསོལ་སྟོན་གཟབ་རྒྱས་དེར་གཞི་རྒྱུ་སྣ་མང་སྨྱུ་གུ་བྱས་ཏེ་གངས་རི་དང་རྩྭ་ཐང་བར་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་དུ་གནས་ཤིང་། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རི་མོ་བྲིས་ནས་དཀར་མཛེས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་རྒྱལ་སྤྱིའི་ཕྱོགས་སུ་བསྐྱོད་རྒྱུར་ཚོན་མདངས་རྣམ་པར་བཀྲ་བ་ཞིག་བསྣན་ཡོད།

དུས་ཡུན་ཉིན་གཉིས་ཀྱི་བྱེད་སྒོའི་ནང་དར་མདོ་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་རྣམ་པ་ཁོ་ན་མ་ཡིན་པར་ཕྱི་རོལ་གྱི་འཚོ་བའི་དུས་ཚིགས་དང་། རླངས་འཁོར་སྐོར་སྐྱོད་དང་རྩྭ་ཐང་གི་ཁྲོམ་ར་གཅིག་སྡུད་སོགས་ཀྱི་ལྷུ་ཚིགས་བརྒྱུད་དཀར་མཛེས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་བྱས་ཏེ། ས་གནས་ཁག་གི་ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཡིད་དབང་བཀུག་ཡོད།
བྱེད་སྒོ་དེ་གངས་རིས་ཡོལ་བ་དང་རྩྭ་ཐང་གིས་གར་སྟེགས་བྱས་ནས། ནམ་མཁའི་སྐར་ཚོགས་ཀྱི་སྒར་སར་གནས་པའི་ཉམས་ལེན་བར་མཐོངས་བཏོད་པ་དང་། དངོས་མིན་རིག་གནས་ཤུལ་བཞག་ཁྲོམ་རས་ཐང་ག་དང་བོད་སྤོས་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱོགས་བསྡུས་འགྲེམས་སྟོན་བྱས་པ། སྲོལ་རྒྱུན་གྱི་སྐོར་བྲོ་དེ་མཉམ་འགུལ་སྒྱུ་རྩལ་དུ་འགྱུར་བ་བྱས་ནས་ཡུལ་སྐོར་བར་མཐོ་སྒང་གི་འཚོ་བ་ཉམས་ལེན་བྱེད་དུ་བཅུག་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་དཀར་མཛེས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། དམངས་ཕྱུག་ཕན་འབྲས་བཅས་ཕྱོགས་གསུམ་གཞི་གཅིག་གི་གྲུབ་འབྲས་བཏོད་དེ་རི་ཁུལ་གྱི་རིག་གནས་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། དེའི་IPརིན་ཐང་ཕན་འབྲས་རྒྱུན་མཐུད་ངང་གློད་འགྲོལ་བཏང་ནས་G318ཀྱི་བསམ་པའི་རིག་གནས་ཀྱི་ནང་དོན་ལ་དུས་རབས་ཀྱི་སྐྱེ་སྟོབས་རྒྱས་པ་བྱ་རྒྱུ་རེད། །