ཛམ་ཐང་རྫོང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བཞིན་འདུག
མཐོ་སྒང་གི་རོང་འབྲོག་མང་ཚོགས་ལ་སྔར་བས་ཞབས་ཞུ་ཡག་མོ་སྒྲུབ་པ་དང་། ཁོ་ཚོའི་ནད་རིགས་སྣ་ཚོགས་ཀྱི་ན་ཟུག་གི་སྡུག་བསྔལ་སེལ་བར་རོགས་རམ་བྱ་ཆེད། ཉེ་ཆར་ཛམ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་འོག་ཏུ། ཛམ་བྷ་ལའི་དུས་འཁོར་སྨན་རྩིས་བརྒྱུད་སྦྱོང་ཁང་གིས་འགན་སྒྲུབ་བྱས་པའི་བྱམས་བརྩེའི་འོས་འགན་སྨན་བཅོས་བྱེད་སྒོ་དེ་སི་ཁྲོན་རྔ་བ་ཁུལ་ཛམ་ཐང་རྫོང་ཛམ་ཐང་བར་མ་གྲོང་རྡལ་གྱི་དུས་འཁོར་སྨན་རྩིས་སློབ་གླིང་དུ་སྤེལ་བ་རེད།
ཐེངས་འདིར་ཛམ་བྷ་ལའི་དུས་འཁོར་སྨན་རྩིས་ཁང་གི་དགེ་སློབ་ཡོངས་དང་། ཁྱད་པར་དུ་ཀྲེ་ཅང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་ཀྲེན་ཅིན་གཙོ་བྱས་པའི་ཕྱོགས་སོ་སོའི་སྨན་རམས་པ་མང་པོ་གདན་ཞུ་བྱས་ཏེ། ཛམ་ཐང་རྫོང་དང་ཉེ་འཁོར་གྱི་ནད་པ་རྣམས་ལ་འཕུར་མཉེད་དང་གཏར་ཁ། དངུལ་ཁབ། མེ་བཙའ་སོགས་གང་ལ་གང་མཁོའི་སྨན་བཅོས་ཞབས་ཞུ་སྒྲུབ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། འོས་འགན་སྨན་བཅོས་བྱེད་སྒོ་འདི་ནི་ཛམ་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་མཆོག་གི་སྣེ་ཁྲིད་འོག་ཏུ་ཛམ་བྷ་ལའི་དུས་འཁོར་སྨན་རྩིས་སློབ་གླིང་གིས་འཛམ་ཐང་གཙོར་བྱས་པའི་ས་གནས་མང་ཚོགས་ལ་ཆེད་དུ་དམིགས་ནས་ཕལ་ཆེར་ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ཉིས་སྟོང་བཅུ་གཉིས་ལོ་ནས་ད་ལྟའི་བར་དུ་རྒྱུན་བསྐྱངས་ནས་ས་གནས་མི་སེར་ལ་ནད་རིགས་སྨན་བཅོས་ཀྱི་ཞབས་ཞུ་གང་ལེགས་བསྒྲུབས་ཤིང་། བདེ་ཐང་གི་ཛམ་ཐང་འཛུགས་སྐྱོང་བྱེད་པར་མཐུན་རྐྱེན་གང་ལེགས་སྐྲུན་པ་རེད། ད་ལོའི་འོས་འགན་སྨན་བཅོས་བྱེད་སྒོ་འདི་ནི་༢༠༢༥ལོའི་ཟླ༧པའི་ཚེས་༡༠ཉིན་ནས་ཟླ་༧པའི་ཚེས་༡༦ཉིན་བར་ཛམ་ཐང་བར་མ་གྲོང་རྡལ་གྱི་ཛམ་བྷ་ལའི་དུས་འཁོར་སྨན་རྩིས་སློབ་གླིང་དུ་སྤེལ་དང་སྤེལ་བཞིན་ཡོད།