འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་བཅུའི་བཀོད་སྒྲིག་སྤྱི་བསྒྲགས་བྱས།
སྤྱི་ཟླ་༦པའི་ཚེས་༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལྡན་ལས་ཀར་འགན་འཁུར་པའི་པུའུ་ཀྲང་གཞོན་པ་ཧུའུ་ཧོ་ཕིང་སོགས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་སྤྱིའི་བཀོད་སྒྲིག་ངོ་སྤྲོད་བྱས་པ་རེད།
གཅིག་ནི། སྤྱི་ཟླ་༩པའི་ཚེས་༣ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་མིང་ཐོག་ནས་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་ལ། དཔུང་ཁག་ལ་དམག་གཟིགས་གནང་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་རེད། སྤྱི་ཟླ་༩པའི་ཚེས་༣ཉིན་གྱི་ཉིན་གུང་པེ་ཅིན་དུ་སྣེ་ལེན་ཚོགས་འདུ་འཚོག་རྒྱུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་རེད། སྤྱི་ཟླ་༩པའི་ཚེས་༣ཉིན་གྱི་དགོང་མོར་པེ་ཅིན་དུ་རིག་རྩལ་དགོང་ཚོགས་འཚོག་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞུགས་རྒྱུ་རེད།
གཉིས་ནི། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་མིང་ཐོག་ནས་ཚེ་དང་ལྡན་པའི་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་། བློ་མཐུན་རྒན་པ། འཇར་འགོག་དམག་འཁྲུག་གི་དམག་དཔོན་བཅས་སམ་ཡང་ན་དེའི་འདས་པོའི་ཁྱིམ་མི་ལ་་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བའི་དྲན་རྟེན་རྟགས་མ་སྤྲད་རྒྱུ་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་རྒྱལ་ནང་དུ་ཚེ་དང་ལྡན་པའི་འཇར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་པ་དང་། བློ་མཐུན་རྒན་པ། འཇར་འགོག་དམག་འཁྲུག་གི་དམག་དཔོན་བཅས་སམ་ཡང་ན་ཁོང་ཚོའི་འདས་པོའི་ཁྱིམ་མི་དང་འཇར་འགོག་དམག་འཁྲུག་གི་དཔའ་བོའི་གཉེན་ཉེ་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།
གསུམ་ནི། སྤྱི་ཟླ་༧པའི་ཚེས་༧ཉིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་མིང་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་དྲན་གསོའི་ཁང་དུ་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་བསླངས་ནས་ལོ་༨༨འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་འཚོག་རྒྱུ་དང་དུས་མཚུངས་སུ་༼མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བ་༽ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་སྤེལ་རྒྱུ་རེད།
བཞི་ནི། སྤྱི་ཟླ་༩པའི་ཚེས་༣ཉིན་གྱི་སྔ་རྗེས་སུ་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་བྱེད་པར་དམིགས་ནས། ཞང་ཀང་དང་ཨའོ་མོན་ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱི་རྒྱལ་གྱི་འབྲེལ་ཡོད་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་དང་། རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་རེད།
ལྔ་ནི། སྤྱི་ཟླ་༩པའི་ཚེས༡༨་ཉིན་ལིའོ་ཉིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་ཧྲེན་དབྱང་གྲོང་ཁྱེར་གྱི་དགུ་པའི་བཅོ་བརྒྱད་ཉིན་གྱི་ལོ་རྒྱུས་རྟེན་མཛོད་ཁང་དུ་དགུ་པའི་བཅོ་བརྒྱད་ཉིན་བརྗེད་མི་རུང་བའི་ཅོང་རྡུང་བ་དང་ཉེན་བརྡ་སྒྲོག་པའི་མཛད་སྒོ་སྤེལ་རྒྱུ་རེད།
དྲུག་ནི། ཟླ་༡༠པའི་ཚེས་༢༥ཉིན་གྱི་སྔ་རྗེས་སུ་ཐའེ་ཝན་ལ་རང་དབང་སླར་གསོ་ཐུབ་ནས་ལོ་༨༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོག་རྒྱུ་རེད། ཕྱི་རྒྱལ་གྱི་ཕྱིར་སྡོད་སྤུན་ཟླ་རྣམས་ཀྱིས་ས་གནས་དེ་གར་འབྲེལ་ཡོད་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
བདུན་ནི། སྤྱི་ཟླ་༡༢པའི་ཚེས་༡༣ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་ནན་ཅིང་གྲོང་ཁྱེར་གྱི་ཀྲུང་གོར་བཙན་འཛུལ་བྱས་པའི་འཇར་པན་དམག་གིས་ནན་ཅིང་གི་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་རྣམས་ལ་སྤྱི་པའི་མཆོད་འབུལ་ཞུ་བའི་མཛད་སྒོ་སྤེལ་རྒྱུ་རེད།
བརྒྱད་ནི། ཁག་བཞི་པའི་རྒྱལ་ཁབ་རིམ་པའི་འཇར་འགོག་དྲན་གསོའི་སྒྲིག་ཆས་དང་། གནའ་ཤུལ་གྱི་མིང་ཐོ། འཇར་འགོག་དཔའ་བོ་གྲགས་ཅན་དང་དཔའ་བོ་ཚོགས་པའི་མིང་ཐོ་བཅས་ཁྱབ་བསྒྲགས་བྱ་རྒྱུ། འཇར་འགོག་གི་དྲན་གསོའི་སྒྲིག་ཆས་དང་འཇར་འགོག་གནའ་ཤུལ། ཤུལ་རྫས་བཅས་ཉམས་གསོ་དང་སྲུང་སྐྱོང་བྱེད་པ་དང་། འཇར་འགོག་གི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་སྤུས་ལེགས་ཁག་ཅིག་ངོ་སྤྲོད་བྱ་རྒྱུ་རེད།
དགུ་ནི། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༨༠འཁོར་བར་དྲན་གསོ་བྱེད་པར་དམིགས་ནས། རིག་རྩལ་བརྩམས་ཆོས་དང་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དངོས་པོ་ཁག་ཅིག་གསར་རྩོམ་དང་འདོན་སྤེལ་བྱ་རྒྱུ་དང་། རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་འཇུག་གཙོ་གནད་ཁག་ཅིག་གཏན་འཁེལ་བྱ་རྒྱུ། གཞན་ཡང་ད་དུང་དྲན་རྟེན་དངུལ་ལོར་དང་དྲན་རྟེན་སྦྲག་རྟགས་འགྲེམ་སྤེལ་བྱ་རྒྱུ་རེད།
བཅུ་ནི། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་བསྟུན་ནས་མང་ཚོགས་རང་བཞིན་གྱི་དྲན་གསོའི་བྱེད་སྒོ་སྤེལ་རྒྱུ། ཞང་ཀང་དང་ཨའོ་མོན་གྱིས་ཀྱང་མུ་འབྲེལ་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།
ཏང་ཀྲུང་དབྱང་གིས་དྲན་གསོའི་བྱེད་སྒོ་ཁག་ནང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་སྙིང་དོན་དོན་འཁྱོལ་ནན་མོ་བྱ་དགོས་པ་དང་། ༼ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག༽ཞེས་པ་ལག་བསྟར་ནན་མོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་ལ་སྔོན་འགོག་བྱེད་པ་དང་། རྒྱས་སྤྲོས་འཕྲོ་བརླག་ལ་བཀག་འགོག་གང་ཐུབ་བྱས་ཏེ་གཟབ་རྒྱས་དང་སྤྲོ་སེམས་ཆེ་ལ་དོན་གཉེར་དང་སྟབས་བདེ་ཡོང་བར་འགན་ལེན་བྱ་དགོས་པའི་བླང་བྱ་གསལ་བོར་བཏོན་ཡོད།