རང་རྒྱལ་གྱི་ཁྱབ་ཁོངས་མང་པོར་ཐེངས་དང་པོ་དང་ཨང་དང་པོ་མང་པོ་ཐོན་པ།
འདས་མ་ཐག་པའི་གཟའ་འཁོར་གཅིག་གི་རིང་། རང་རྒྱལ་གྱི་ཁྱབ་ཁོངས་མང་པོས་གཅིག་རྗེས་གཉིས་མཐུད་དུ“འགུལ་རྣམ་གལ་ཆེན”ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཆེན་པོའི་མཆོག་ནོར་གལ་ཆེན་གྱིས་བཀྲག་མདངས་འཚེར་བའི་གྲུབ་འབྲས་རེ་རེ་བཞིན་ངོམས་ཡོད།
བསྐྲུན་ཚར་རྗེས“ཨང་དང་པོ”མང་པོ་མངོན་འགྱུར་ཐུབ་རྒྱུ་དང་། རང་རྒྱལ་གྱི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལར་ལྟ་ཞིབ་ཚད་ལེན་གྱི་རྒྱང་ཤེལ་གཉིས་སྐྲུན་འགོ་ཚུགས་པ།
སྤྱི་ཟླ་6ཚེས་21ཉིན། རང་རྒྱལ་གྱི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལར་ལྟ་ཞིབ་ཚད་ལེན་བྱེད་པའི་རྒྱང་ཤེལ་གཉིས་མཚོ་སྔོན་གྱི་མཚོ་འཁྱག་ཏུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། བསྐྲུན་ཚར་རྗེས“ཨང་དང་པོ”མང་པོ་མངོན་འགྱུར་ཐུབ་རྒྱུ་རེད།

སྨི་4.2ཅན་གྱི་རྩིག་རྨང་ཆེད་སྤྱོད་ཀྱི་སྐར་མའི་གོ་ལ་ཚད་འཇལ་རྒྱང་ཤེལ་གྱི་ཇུས་འགོད་རི་མོ།
དེའི་ནང་སྨི་4.2ཅན་གྱི་རྩིག་རྨང་ཆེད་སྤྱོད་ཀྱི་སྐར་མའི་གོ་ལ་ཚད་འཇལ་རྒྱང་ཤེལ་བསྐྲུན་ཚར་རྗེས། དེ་ནི་རང་རྒྱལ་གྱི་སྨི་4རིམ་པའི་ཤེལ་ངོས་རྐྱང་པའི་གནམ་དཔྱད་རྒྱང་ཤེལ་ཐོག་མ་དང་རྒྱལ་སྤྱིའི་སྟེང་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལར་ཞིབ་ཚགས་ཚད་འཇལ་བྱེད་པའི་རྒྱང་ཤེལ་ཆེ་ཤོས་དེར་གྱུར་རྒྱུ་རེད།

སྨི་2.5ཅན་གྱི་མཐའ་སྣེ་མང་བའི་ཀུན་འཕྲོད་རྒྱང་ཤེལ་གྱི་ཇུས་འགོད་རི་མོ།
སྨི་2.5ཅན་གྱི་མཐའ་སྣེ་མང་བའི་ཀུན་འཕྲོད་རྒྱང་ཤེལ་ནི་རང་རྒྱལ་གྱི་མདའ་མཐུན་བསྡུ་ལེན་སྐུལ་འོད་ཀྱིས་བར་ཐག་འཇལ་བའི་རྒྱང་ཤེལ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་དང་། རྒྱང་ཤེལ་གཉིས་ཀྱི་ལྟ་ཞིབ་ཚད་ལེན་ལག་རྩལ་ཐད་ཕན་ཚུན་གསབ་རེས་ཐུབ་སྟེ། ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལར་ཐུན་མོང་ཐོག་ཞིབ་ཚད་མཐོ་བའི“གནས་ཐིག་གཏན་འཁེལ”ཐུབ་རྒྱུ་ཡིན་པས། རང་རྒྱལ་གྱི་གནམ་དཔྱད་རིག་པའི་ཁྱབ་ཁོངས་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
རང་རྒྱལ་གྱིས་གཤེར་གཟུགས་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གྱི“འཕྲུལ་འཁོར་དགུ་མཉམ་སྦྲེལ”གྱི་ཚོད་ལྟ་ཐོག་མར་ལེགས་གྲུབ་བྱུང་བ།
སྤྱི་ཟླ་6ཚེས་20ཉིན། ཀྲུའུ་ཆུའེ་གསུམ་པ་རྟགས་ཅན་གྱི་བསྐྱར་ཟློས་བེད་སྤྱོད་ཆོག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་རིམ་པ་དང་པོའི་སྒུལ་ཤུགས་མ་ལག་གི་འཁོར་རིགས་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

འདི་ནི་རང་རྒྱལ་གྱིས་གཤེར་གཟུགས་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གྱི“འཕྲུལ་འཁོར་དགུ་མཉམ་སྦྲེལ”གྱི་ཚོད་ལྟ་ཐོག་མར་ལེགས་གྲུབ་བྱུང་བ་ཞིག་རེད། སྒུལ་བྱེད་འཕྲུལ་འཁོར་9ལ་དུས་རིམ་ལྟར་ཁག་དབྱེ་ནས་མེ་སྤར་བ་དང་། སྐར་ཆ་40ཡི་འཁོར་རིགས་ཚོད་ལྟའི་བརྒྱུད་རིམ་ཁྲོད་འདེད་ཤུགས་སྙོམ་སྒྲིག་དང་སྒུལ་བྱེད་འཕྲུལ་འཁོར་གཡོ་འགུལ་སོགས་ཀྱི་ཚད་ལེན་ཚོད་ལྟ་ལེགས་གྲུབ་བྱུང་ཞིང་། ཚོད་ལྟའི་རླངས་འཁོར་གྱི་སྤྱིའི་འདེད་ཤུགས་ཏུན་750ལས་བརྒལ་ཡོད།

ད་ཐེངས་ཀྱི་འཁོར་རིགས་ཚོད་ལྟའི་ལས་འགན་ལེགས་གྲུབ་བྱུང་བ་དེའི་ཐོག་ནས་ཀྲུའུ་ཆུའེ་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཞིབ་བཟོའི་འཕེལ་རིམ་བདེ་བླག་བྱུང་ནས་འཕུར་སྐྱོད་ཐོག་མའི་གྲ་སྒྲིག་དུས་རིམ་དུ་སླེབས་གྲབས་ཡོད་པ་མཚོན་གྱི་ཡོད།

རྒྱལ་ཐོན་སྒུལ་བྱེད་འཕྲུལ་འཁོར་གཉིས་ཅན་གྱི་ཐད་འཕུར་གནམ་གྲུས་ས་མཐོར་རང་འཁོར་སར་འབབ་ཀྱི་ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱུང་བ།
སྤྱི་ཟླ་6ཚེས་20ཉིན། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པས་གནས་ཚུལ་སྤེལ་བར། ཉེ་ཆར“བཀྲ་ཤིས་པའི་བྱ”AC332རྟགས་ཅན་གྱི་ཐད་འཕུར་གནམ་གྲུས་ཡུན་ནན་ཞིང་ཆེན་ཉིང་ལང་ལུའུ་ཀུའུ་ཧུའུ་གནམ་ཐང་དུ་རྒྱལ་ཐོན་གྱི་སྒུལ་བྱེད་འཕྲུལ་འཁོར་གཉིས་ཅན་གྱི་ཐད་འཕུར་གནམ་གྲུས་ས་མཐོར་རང་འཁོར་སར་འབབ་ཀྱི་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་བྱས་ཡོད།
རང་འཁོར་སར་འབབ་ནི་འཕྲལ་སྒྲུབ་བཀོལ་སྤྱོད་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྒུལ་བྱེད་འཕྲུལ་འཁོར་ལ་ཆག་སྐྱོན་བྱུང་ནས་སྒུལ་ཤུགས་འདོན་སྤྲོད་བྱེད་ཐབས་བྲལ་བའི་སྐབས་སུ་བདེ་འཇགས་ངང་སར་འབབ་ཐུབ་ཀྱི་ཡོད། ད་ཐེངས་ཚོད་ལྟའི་འཕུར་སྐྱོད་བྱས་པའི“བཀྲ་ཤིས་པའི་བྱ”AC332རྟགས་ཅན་གྱི་ཐད་འཕུར་གནམ་གྲུར་འཕྲུལ་ཆས་གཅིག་ལ་རྣམ་པ་མང་པའི་སྟབས་བསྟུན་གྱི་གྲུབ་དབྱིབས་ཡོད་སྟབས། རྒྱལ་ཁབ་ཀྱི་འཕྲལ་སྒྲུབ་རོགས་སྐྱོབ་མ་ལག་གི“མཁའ་ཐོག་གི་འགན་སྲུང་བརྟན་པོར”འགྱུར་རེ་ཡོད་པ་རེད།
བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་ཡོད་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་བྱེད་ཚད་རིམ་རྩིས་བརྒྱབ་ན་མེ་འཁོར་ལན་གྲངས་1000ལས་བརྒལ་བ།
སྤྱི་ཟླ་6ཚེས་21ཉིན། བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་ཡོད་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་བྱེད་ཚད་རིམ་རྩིས་བརྒྱབ་ན་མེ་འཁོར་ལན་གྲངས་1000ལས་བརྒལ་ཡོད།

བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་ཡོད་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་སྤྱིར་བཏང་གི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དང་བསྡུར་ན། ཁྱད་པར་ཆེ་ཤོས་ནི་ལམ་ཐིག་ཧྲིལ་པོའི་འཁོར་སྐྱོད་དུས་ཚོད་རེའུ་མིག་ཡོད་པ་དེ་ཡིན་ཏེ། མེ་འཁོར་བརྒྱུད་སའི་རྒྱལ་ཁབ་ཁག་ལ་གཅིག་གྱུར་གྱི་མེ་འཁོར་ལན་གྲངས་དང་ལམ་ཐིག གཏོང་དུས། དེ་མིན་ད་དུང་གཏན་འཇགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་རྡོག་ཐོན་བྱེད་སའི་ས་ཚིགས་དང་། བརྒྱུད་སྡོད་འགག་སྒོ། མཇུག་མཐར་སླེབས་པའི་དུས་ཚོད་བཅས་ཡོད།
2022ལོའི་ཟླ་10ཚེས་26ཉིན་མེ་འཁོར་ཐོག་མ་དེ་འཁོར་སྐྱོད་བྱས་པ་ནས་བཟུང་། བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་ཡོད་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་འཁོར་བསྐྱོད་ལམ་ཐིག་11བར་རྒྱ་སྐྱེད་ཡོད་པ་དང་། གཟའ་འཁོར་རེར་མེ་འཁོར་ལན་གྲངས་17གཏོང་གི་ཡོད་པ་རེད།
བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་རེའུ་མིག་ཡོད་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་ཟོག་ཁུངས་གཙོ་བོ་ནི་འོད་ཧྥུའི་པང་ལེབ་དང་ཉི་ནུས་སྒྲིག་ལྷུ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཡིན་པ་དང་། ཆ་སྙོམས་དོས་སྒམ་རེའི་ཚོང་ཟོག་གི་རིན་ཐང་དེ་དུས་གཏན་མེ་འཁོར་གཞན་དང་བསྡུར་ན་ཧ་ལམ་41%ཙམ་གྱིས་མཐོ་བ་ཡོད།
རྒྱལ་ཁབ་ཀྱི་མཆོག་ནོར་སྔར་བས་རྒྱང་རིང་གི་ཕྱོགས་སུ་བསྐྱོད་དེ། ཀྲུང་གོའི་དངོས་ཤུགས་ཆེན་པོ་དེ་བས་མང་བ་འདོན་ཐུབ་པའི་རེ་སྒུག་བྱེད།