ཧྲེན་དབྱང་གིས་དར་མདོ་དང་ལྕགས་ཟམ་དུ་འབྲུབ་འགོག་གནོད་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས། མཐིལ་ཚད་བསམ་གཞིགས་བརྟན་པོས་འཚུབ་བསྟུན་གྲ་སྒྲིག་དངོས་སྒྲུབ་དང་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་གྱི་ཉེན་མེད་སྲུང་རགས་བརྟན་པོར་འཛུགས་དགོས་ཞེས་གསུངས།

ཧྲེན་དབྱང་གིས་ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་མའོ་ཅ་གྲོང་སྡེར་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལ་བརྟག་ཞིབ་གནང་བཞིན་པ།
སྤྱི་ཟླ་6པའི་ཚེས་12ནས་13ཉིན་བར་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་དུ་འབྲུབ་འགོག་གནོད་སེལ་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། དར་མདོ་གྲོང་ཁྱེར་གུར་དྲག“8·03”གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་རྗེས་བསྐྱར་སྐྲུན་བྱ་ཡུལ་དུ་དངོས་སུ་ཕེབས་ཏེ་བསྐྱར་སྐྲུན་གྱི་མྱུར་ཚད་ཤེས་རྟོགས་དང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲིར་ཕེབས་པ་རེད། ཁོང་གིས་གནོད་འགོག་གནོད་སེལ་གནོད་སྐྱོབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཏེ། མཐིལ་ཚད་བསམ་གཞིགས་བརྟན་པོར་འཛུགས་པ་དང་འཚུབ་བསྟུན་གྲ་སྒྲིག་ཏན་ཏིག་བྱས་ཏེ།“དུས་ནམ་ཡང་སེམས་འཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་འཛིན་ཏེ་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ནས་གནོད་འགོག་གནོད་སྐྱོབ་གནོད་སེལ་གྱི་ཉེན་མེད་སྲུང་རགས་ཤུགས་ཡོད་རྒུས་བརྟན་པོར་འཛུགས་དགོས་ཞེས་ནན་གསུངས་གནང་།
དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་གི་ཆུ་ཁུག་ས་གཤིས་གནོད་འཚེ་ཐེབས་ཡུལ་དང་ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་མའོ་ཅ་གྲོང་སྡེའི་ཏ་ཧོ་ཏི་མུའུ་ལུང་ཅང་རི་ཉིལ་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་བྱུང་གནས་དང་ཞིན་ལུང་གྲོང་རྡལ་ཨེར་ཏའོ་ཁན་གྲོང་ཚོ་སོགས་སུ་ཧྲེན་དབྱང་གིས་མཐའ་འཁོར་གྱི་ས་གཤིས་ཁོར་ཡུག་ལ་གཟིགས་ཞིབ་གནང་སྟེ་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་དང་།ལྟ་ཞིབ་ཚད་ལེན་བྱས་ནས་སྔོན་བརྡ་གཏོང་བ། ཉེན་འགོག་སྤོ་སྒྱུར་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ཐད་ཆ་རྒྱུས་ཞིབ་ཕྲ་གནང་ནས་ཡུལ་དེ་གའི་ལས་བྱེད་པ་དང་མཉམ་དུ་འབྲུབ་འགོག་གནས་བབ་ལ་དཔྱད་བསྡུར་དང་ཉེན་ཁ་འཚོལ་ཞིབ་གནང་བ་རེད།
ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་རུ་ཧྲེན་དབྱང་གིས་རང་ཁུལ་གྱི་འབྲུབ་འགོག་གནོད་སེལ་ལས་དོན་གྱི་སྙན་ཞུར་གསན་པ་དང་། འབྲུབ་དུས་ཀྱི་འཚུབ་བསྟུན་གྲ་སྒྲིག་དང་ལས་རེས་ལས་སྒྲུབ་སོགས་ཀྱི་གནས་ཚུལ་ཐད་ཆ་རྒྱུས་ཞིབ་ཕྲ་གནང་སྟེ་འབྲུབ་འགོག་གནོད་སེལ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོ་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་བ་རེད།
ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གུར་དྲག“8·03”འདམ་རྡོའི་ཆུ་རུད་ཀྱི་གནོད་རྗེས་བསྐྱར་སྐྲུན་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། རི་བརྒལ་གྲོང་སྡེའི་གནོད་རྗེས་བསྐྱར་སྐྲུན་བྱེད་ཡུལ་དུ་ཕེབས་ཏེ་གནོད་རྗེས་བསྐྱར་སྐྲུན་མྱུར་ཚད་ལ་རྒྱུས་ལོན་གནང་བ་དང་། ཁོང་གིས་དར་མདོ་གྲོང་ཁྱེར་གྱིས་མི་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་བཅངས་ནས་དམིགས་འབེན་ཁྲིད་སྟོན་རྒྱུན་འཁྱོངས་ཏེ་གནོད་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ནན་སྒྲུབ་དང་། སྤུས་ཚད་དང་གྲངས་ཚད་འགན་ལེན་གྱིས་དུས་བཀག་ལྟར་བསྐྱར་སྐྲུན་ལས་འགན་ལེགས་གྲུབ་བྱས་ནས་གནོད་ཐེབས་མང་ཚོགས་ཀྱི་བློར་བབ་པའི་ལན་ཞིག་སྤྲད་དགོས་པའི་བཀའ་བརྡ་གནང་བ་རེད། དེའི་རྗེས་སུ་ཧྲེན་དབྱང་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་གནོད་འཚེའི་གྱོང་གུན་དང་།ཐོན་སྐྱེད་འཚོ་བ། ཁྱིམ་ཚང་གི་ཡོང་འབབ་སོགས་ཀྱི་གནས་ཚུལ་དང་མིག་སྔར་གྱི་དཀའ་ངལ་ལ་དོ་ཁུར་དང་འདྲི་རྩད་གནང་ནས་ཁོ་ཚོར་ཡིད་ཆེས་བརྟན་པོ་དང་།སྙིང་སྟོབས་ཆེར་སྐྱེད། དཀའ་ངལ་མཉམ་སེལ་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཁྱིམ་གཞི་གསར་པ་བསྐྱར་སྐྲུན་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
ཁུལ་གྱི་མགོ་ཁྲིད་ཡན་ལེ་དང་། ཁྲེན་པོ་ཐའོ། སུང་ཞའོ་ཅུན། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་སོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་ཡོད། །