《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།
སྤྱི་ཟླ་6ཚེས་16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་12པའི་ཐོག །ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་མཛུབ་སྟོན་བྱ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་བྱེད་སྟངས་གལ་ཆེན་ཞིག་ཡིན》ཞེས་པ་སྤེལ་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2015ལོའི་ཟླ་10པ་ནས་2025ལོའི་ཟླ་4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་ཡིན་པ་རེད།
རྩོམ་ཡིག་ནང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་མུ་མཐུད་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་བཟང་ཆ་གལ་ཆེན་ཞིག་ཀྱང་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་དང་པོ་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་བར་གྱི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་ཞེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དང་། དེ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རིམ་པ་མཐོ་ཤོས་ཀྱི་རྩེ་རིམ་ཇུས་འགོད་ཅིག་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དུས་རིམ་དང་ཁྱབ་ཁོངས་དབྱེ་ནས་སྐུལ་འདེད་གཏོང་གི་ཡོད་པས། དུས་རིམ་ཁག་གི་གོང་འཕེལ་དམིགས་འབེན་མངོན་འགྱུར་དང་ཁྱབ་ཁོངས་ཁག་གི་གོང་འཕེལ་འཐབ་ཇུས་དོན་འཁྱོལ་བྱེད་པར་དེ་མཚུངས་སུ་རིམ་པ་མཐོ་ཤོས་ཀྱི་རྩེ་རིམ་ཇུས་འགོད་བྱེད་དགོས། འཛམ་གླིང་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས། གཏན་འབེབས་བྱས་པའི་འཆར་འགོད་དང་སྲིད་ཇུས་མ་ལག་ལས་དུས་རབས་རང་བཞིན་མངོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་གྱི་ཕྱུག་པ་བཅས་ཡོང་བ་བྱ་དགོས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་བྱ་རྒྱུ་གཅིག་གྱུར་བྱས་ཏེ། སྤྱི་ཚོགས་ཀྱི་རེ་སྒུག་དང་། མང་ཚོགས་ཀྱི་བློ་གྲོས། རིགས་གཅིག་མཁས་ཅན་གྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་འཆར་འགོད་བཟོ་འགོད་ཁྲོད་དུ་བསྡུ་ལེན་གང་ལེགས་བྱ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཐད་འཆར་འགོད་བྱེད་སྐབས། ངེས་པར་དུ་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཐོག རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། ཁྱབ་ཁོངས་རེ་རེ་བཞིན་དམིགས་འབེན་དང་ལས་འགན་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་། བསམ་ཕྱོགས་དང་བྱེད་ཐབས་འདོན་དགོས། ཕྱོགས་ཁག་གི་དམིགས་འབེན་དང་ལས་འགན་ལ་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་མཐར་ཕྱིན་བྱས་ཏེ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་ངང་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་དགོས། གཅིག་གྱུར་འཆར་འགོད་བྱས་ཏེ། དམིགས་འབེན་ཧྲིལ་པོ་དང་ཁ་ཕྱོགས་གཅིག་མཐུན་རང་བཞིན་རྒྱུན་འཁྱོངས་བྱ་དགོས། ས་ཁུལ་ཁག་གིས་ས་ཁུལ་དེ་གའི་འཆར་འགོད་བཟོ་སྐབས་དོན་དངོས་དང་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། འཆར་འགོད་ལག་བསྟར་བྱེད་ནུས་དང་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།